thbg-monksalms.jpeg
thbg-karmapa1.jpeg
thbg-monkscrowd.jpeg
thbg-rumtek-monksbirds.jpeg
thbg-monkssmile.jpeg
thbg-flags.jpeg
thbg-rumtek-monksread.jpeg
thbg-scripts.jpeg
Shadow
༸དཔལ་རྒྱལ་དབང་མཆོག་ནས་ཡོང་རྒྱུའི་བཀའ་བརྒྱུད་དགུན་ཆོས་སྐབས་གསུང་ཆོས་ཀྱི་བརྗོད་གཞི་དང་འབྲེལ་བའི་བཀའ་སློབ་གསུང་འཕྲིན།

༸དཔལ་རྒྱལ་དབང་མཆོག་ནས་ཡོང་རྒྱུའི་བཀའ་བརྒྱུད་དགུན་ཆོས་སྐབས་གསུང་ཆོས་ཀྱི་བརྗོད་གཞི་དང་འབྲེལ་བའི་བཀའ་སློབ་གསུང་འཕྲིན།

༄༅། །བཀའ་བརྒྱུད་དགུན་ཆོས་ཆེན་མོར་མཉམ་ཞུགས་མཛད་མཁན་བཤད་གྲྭའི་མཁན་སློབ་རྣམས་ཀྱི་སྙན་ལམ་དུ་ཞུ་གསོལ།

ཉེ་ཆར་མར་ཇོག་དབྱར་ཆོས་སྐབས་ངོས་ནས་བསྐུལ་མ་ཞུས་དོན་ལྟར། ཐེངས་འདིའི་དགུན་ཆོས་ཀྱི་གྲ་སྒྲིག་གནང་ མཁན་བྱེས་ཀྱི་ཟུར་མང་གདན་སའི་འབྲེལ་ཡོད་ནས་ད་ལོའི་དགུན་ཆོས་ཆེན་མོའི་སྐབས་ཕྱག་དཔེའམ་བརྗོད་གཞི་གང་གི་ཐོག་ ནས་ཆོས་བཤད་བྱས་ན་འོས་འཚམས་ཡིན་མིན་ཐད་བཤད་གྲྭ་ཁག་གི་མཁན་སློབ་རྣམས་ནས་བཀའ་བསྡུར་ལྷུགས་པོ་གནང་བའི་ གྲོས་དོན་ཅི་བྱུང་ཡིག་ཐོག་ནས་གནང་འབྱོར་བྱུང་། དེའི་ནང་དུ་གྲོས་གཞི་གཙོ་བོ་གཉིས་ལས། གཅིག་ནི་ཕྱི་རོལ་པའི་ལྟ་གྲུབ་ བཤད་རྒྱུ་དང་། གཅིག་ཤོས་ནི་རང་ལུགས་གཞུང་ཆེན་ཁག་བཤད་རྒྱུ་བཅས་རེད་འདུག

ཕྱི་རོལ་པའི་ལྟ་གྲུབ་སྐོར་ད་རེས་དབྱར་ཆོས་སྐབས་རང་ནུས་ཅི་ཡོད་ཀྱིས་བཤད་ཁུལ་བྱས་ཀྱང་། དུས་ཚོད་དང་ཤེས་ རྒྱ་གང་ཐད་ནས་མ་འདང་བའི་རྐྱེན་གྱིས་བློ་ཡིད་ཚིམས་པོ་ཞིག་མ་བྱུང་ལ། མ་འོངས་པར་བསྐྱར་དུ་སློབ་སྦྱོང་དང་ཞིབ་འཇུག་ བྱས་ཏེ། རྟོག་གེ་སྡེ་ལྔའི་སྐོར་དེབ་ཅིག་འབྲི་ཐུབ་ན་བསམ་པ་ལས། ད་ལྟ་གནས་སྐབས་དེའི་སྐོར་བཤད་རྒྱུ་གྲ་འགྲིག་ས་མ་རེད།

གཞུང་ཆེན་གྱི་སྐོར་ལ་སྤྱིར་རང་ལུགས་ཀྱི་གཞུང་ཆེན་ཁག་ལ་གཞིས་བྱེས་གཉིས་སུ་བཞུགས་པའི་མཁན་པོ་དགེ་བའི་ བཤེས་གཉེན་རྣམས་ཀྱིས་དཔེ་ཁྲིད་གནང་བཞིན་པ་ལས་ལྷག་པ་ཞིག་ང་ལ་ཞུ་རྒྱུ་ག་ལ་ཡོད། རང་གི་བསམ་ཚུལ་ལ་གནས་སྐབས་ ལོ་གཉིས་གསུམ་གྱི་རིང་ཐེག་ཆེན་གྱི་གྲུབ་མཐའ་སེམས་ཙམ་པ་དང་། བདེ་གཤེགས་སྙིང་པོ་སྨྲ་བའི་གྲུབ་མཐའ་གཉིས་ཀྱི་སྐོར་ལ་ བཤད་པ་མདོར་བསྡུས་རེ་འབུལ་ཐུབ་ན་ཡག་པོ་ཡོང་ངེས་རེད་བསམ།

གང་ཡིན་ཞེ་ན། རྒྱ་སྐད་དུ་བཞུགས་པའི་སྡེ་སྣོད་གསུམ་གྱི་ནང་དུ་སེམས་ཙམ་པ་གཞུང་མའི་ལྟ་གྲུབ་ཀྱི་རྣམ་གཞག་ཆ་ ཚང་པོ་དང་། ཁ་གསལ་པོ་ཡོད་པར་མ་ཟད། དུས་རབས་དྲུག་པའི་ནང་རྒྱ་ནག་ཏུ་ཕེབས་པའི་རྒྱ་གར་ནུབ་ཕྱོགས་ཀྱི་རྣལ་འབྱོར་ སྤྱོད་པའི་སློབ་དཔོན་ཆེན་པོ་ཡང་དག་ལྡན་པ་དང་། དེ་བཞིན་ཐང་གི་དུས་སུ་བྱོན་པའི་སྡེ་སྣོད་གསུམ་པ་ཅན་ཙང་ཡང་རྒྱ་གར་དུ་ དངོས་སུ་ཕེབས་ནས། ན་ལེན་ཌ་སོགས་སུ་སེམས་ཙམ་པའི་མཁས་པ་རྩོད་མེད་རྣམས་ཀྱི་མདུན་དུ་ལེགས་པར་སྦྱངས་ནས་བརྒྱུད་འཛིན་གྱི་སློབ་ཆེན་དུ་གྱུར་པ་སོགས་ཀྱི་ལོ་རྒྱུས་ཁུངས་ལྡན་ཡོད་པ་བཅས་ལ་བརྟེན། ད་ལྟ་རྒྱལ་སྤྱིའི་ཐོག་སེམས་ཙམ་པར་ ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་གཙོ་བོ་རྒྱ་ནག་གི་གཞུང་དེ་དག་ལ་ཁུངས་བཅོལ་ནས་ཞིབ་འཇུག་བྱེད་ཀྱིན་ཡོད།

རང་རེ་བོད་ལ་ནི་དབུ་མ་ཁོ་ན་ལྟ་གྲུབ་ཀྱི་མཆོག་ཏུ་བརྩིས་ནས་གཞན་རྣམས་ཕྱོགས་སྔའི་གྲས་སུ་བཞག་སྟབས་སེམས་ ཙམ་པ་རང་གི་བཞེད་པ་ཇི་བཞིན་རྒྱུན་འཛིན་བྱེད་མཁན་མེད་པ་དང་། ཐོགས་མེད་དབྱིག་གཉེན་སོགས་ཀྱང་དབུ་སེམས་གང་ཡིན་ ཡར་འཐེན་མར་འཐེན་གྱིས་གྲུབ་མཐའ་དེའི་སྲོལ་འབྱེད་མཁན་དང་། བརྒྱུད་འཛིན་གྲགས་ཅན་སུ་ཡིན། ཐ་ན་སེམས་ཙམ་པའི་ གཞུང་ངོ་མ་དེ་གང་ཡིན་བཅས་ལ་ཐག་གཅོད་དཀའ་བའི་གནས་སུ་ལྷུང་ཡོད་པ་རེད།

དེར་བརྟེན་ད་རེས་ཀྱི་གོ་སྐབས་འདི་དང་བསྟུན་ནས་སུམ་ཅུ་པའི་ཚིག་ལེའུར་བྱས་པའི་རྩ་བ་གཞིར་བཟུང་། སེམས་ཙམ་ པའི་གཞུང་རྒྱ་སྐད་དང་བོད་སྐད་དུ་བཞུགས་པ་རྣམས་དང་། དེ་བཞིན་རྒྱའི་མཁན་པོ་དང་། བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་ པའི་སེམས་ཙམ་དང་འབྲེལ་ཡོད་ཡིག་ཆ་ཁག་གུང་སྒྲིག་ནས་སེམས་ཙམ་པ་རང་གི་བཞེད་པ་ཅི་ཡིན་གྱི་སྐོར་ལ་རང་ནུས་ཅི་ ལྕོགས་ཀྱིས་ཞུ་ཐུབ་ན་སློབ་གཉེར་བ་རྣམས་ལ་ཅུང་ཟད་ཕན་ཐོགས་ཡོང་སྲིད་སྙམ།

དེའི་རྗེས་སུ་རྒྱ་ནག་དང་རྒྱལ་སྤྱིའི་ནང་བསྟན་ཞིབ་འཇུག་པ་རྣམས་ཀྱིས་ཐེག་ཆེན་དབུ་སེམས་ཀྱི་གྲུབ་མཐའ་གཉིས་ལས་ ལོགས་སུ་དགར་བའི་གྲུབ་མཐའ་གསུམ་པ་ལྟ་བུར་ངོས་འཛིན་པ། བདེ་གཤེགས་སྙིང་པོའི་ལུགས་ཀྱི་བསྟན་བཅོས་གྲགས་ཅན་ དཀོན་མཆོག་གི་རིགས་རྣམ་པ་དབྱེ་བའམ། བོད་དུ་རྒྱུད་བླ་མར་གྲགས་པའི་རྩ་བ་ལེགས་སྦྱར་དང་། རྒྱ་སྐད། བོད་སྐད་བཅས་ཞིབ་ བསྡུར་བྱས་པའི་ཐོག །དེའི་འགྲེལ་པ་ཐོགས་མེད་ཀྱིས་མཛད་པ་བོད་སྐད་དུ་བཞུགས་པ་དང་། དབྱིག་གཉེན་གྱིས་མཛད་པ་ལེའུ་ གསུམ་གྱི་འགྲེལ་པ་རྒྱ་སྐད་དུ་བཞུགས་པ་གཉིས་སྦྱར། དེ་དག་གི་སྟེང་དུ་ཆོས་རྗེ་རང་བྱུང་པ་དང་། རྗེ་བཙུན་ཇོ་མོ་ནང་པ་སོགས་ཀྱི་བཞེད་པ་འདྲ་མིན་རྣམས་ཀྱིས་ཟུར་བརྒྱན་ནས་སྙིང་པོ་སྨྲ་བའི་ལྟ་གྲུབ་སྤྱི་དང་། བྱེ་བྲག་ཏུ་ཆོས་རྗེ་རང་བྱུང་རྡོ་རྗེའི་བཞེད་ དགོངས་ཉེ་བའི་གཞན་སྟོང་དུ་གྲགས་པའི་ལུགས་གང་ཡིན་ལ་གསལ་བཤད་ཅུང་ཟད་ཞུ་ཐུབ་ན་ཡག་པོ་མེད་དམ་སྙམ་སྟེ།

སྤྱིར་སེམས་ཙམ་པ་ནི་ཐེག་ཆེན་གྱི་གྲུབ་མཐའི་ནང་ནས་ཤུགས་རྐྱེན་ཆེ་ཤོས་ཤིག་ཡིན་པ་དང་། རྒྱ་ནག་དང་འཇར་པན་ སོགས་སུ་སེམས་ཙམ་པ་རང་གི་གཞུང་ལ་སློབ་གཉེར་རྒྱ་ཆེར་བྱེད་ཅིང་དེའི་ལུགས་འཛིན་པའི་བརྒྱུད་པའང་ཡོད་པ་ཡིན་ཀྱང་བོད་ ལ་དེ་འདྲ་མེད་པ་དང་། བྱེ་བྲག་ཏུ་ནང་པའི་གསང་སྔགས་ཀྱི་ཁྲོད་དུ་སེམས་ཙམ་གྱི་ཁྱད་ཆོས་མང་པོ་ཞིག་མངོན་གྱི་ཡོད་པ་དང་།

ལྷག་པར་དྭགས་པོ་བཀའ་བརྒྱུད་པས་སྣང་བ་སེམས་སུ་བཞེད་པ་སོགས་ཀྱི་ཡུལ་གྱི་རྣམ་གཞག་ཕལ་མོ་ཆེ་སེམས་ཙམ་དང་མཐུན་ པ་དང་། ཡུལ་ཅན་ཡེ་ཤེས་སུ་བཞེད་ཚུལ་སོགས་ནི་རྒྱུད་བླ་མའི་དགོངས་པ་དང་མཐུན་ཆེ་བར་ཡོད་པ་དང་། དེ་བཞིན་སེམས་ཙམ་ པ་དང་། སྙིང་པོའི་ལུགས་གཉིས་ཀྱི་དབར་རྒྱུ་འབྲས་ལྟ་བུའི་འབྲེལ་པ་ཟབ་མོ་ཡོད་འདུག་པར་བརྟེན། ང་ཚོས་དམིགས་བསལ་ ཐུགས་སྣང་དང་མཁྱེན་རྟོགས་བྱ་དགོས་པ་ཞིག་ཏུ་མཐོང་བས་དེའི་སྐོར་ལ་ཁོ་བོས་གང་ཤེས་ཤིག་ངོ་སྤྲོད་ཞུ་འདོད་བྱུང་བས་དེ་ ལུགས་ལྟར་བྱ་ཆོག་པ་ཞུ།

སྤྱིར་རང་ཉིད་གཞུང་ལུགས་ལ་དཔྱོད་པའི་ཤེས་རབ་ནི་དམན། དད་བརྩོན་ནི་ཞན། ཆུང་དུས་ཕྱི་ནང་གི་གནས་ཚུལ་ དང་། རང་གཞན་གྱི་རྐྱེན་དུ་མ་ཞིག་ལ་བརྟེན་ནས་སློབ་གཉེར་ཡིད་ཚིམས་པ་ཞིག་བྱ་རྒྱུའི་གོ་སྐབས་དེ་ཙམ་མ་བྱུང་སྟབས། ད་ལྟ་ གཟིག་ལྤགས་བཀབ་པའི་བོང་བུའི་དཔེ་ལྟ་བུ་ལས་མ་འདས་ཀྱང་། བསྟན་པ་སྤྱི་དང་བྱེ་བྲག་བཀའ་བརྒྱུད་རིན་པོ་ཆེའི་ལུང་གི་ཆོས་ ཚུལ་ཆེས་ཉམས་པ་ལ་མ་བཟོད་ནས་རྨོངས་པ་བདག་ལྟ་བུས་ཀྱང་འགྲོ་རེས་པུས་མོ་ལ་ཐུག་པའི་དཔེ་ལྟར་ནུས་སྟོབས་ཅི་ཡོད་ཀྱི་ སྒོ་ནས་མ་ཤེས་ཤེས་མདོག་དང་། མ་འཇོན་འཇོན་མདོག་ཅིག་མ་བྱེད་ཀ་མེད་བྱུང་བས། དེ་ལ་མཁས་པ་རྣམས་ཀྱིས་ཐུགས་ཁྲེལ་ བ་སོགས་མི་མཛད་པར་ཞུ།

འདི་དང་སྟབས་བསྟུན་བོད་ཕྱི་ནང་དུ་བཞུགས་པའི་བསྟན་པ་སྤྱི་དང་བྱེ་བྲག་བཀའ་བརྒྱུད་རིན་པོ་ཆེར་ལྷག་བསམ་རྣམ་པར་ དཀར་ཞིང་། མཁྱེན་དཔྱོད་ཕུལ་དུ་བྱུང་བའི་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་མང་པོས་རང་རང་གི་ནུས་སྟོབས་ཅི་ཡོད་ ཀྱིས་ཐོས་བསམ་སྒོམ་པའི་སྒོ་ནས་བསྟན་པ་རིན་པོ་ཆེ་མི་ཉམས་གོང་སྤེལ་དུ་མཛད་པའི་བྱ་གཞག་རླབས་པོ་ཆེ་བསྐྱངས་དང་སྐྱོང་ བཞིན་པ་ལ་སྙིང་ཁོང་རུས་པའི་གཏིང་ནས་རྗེས་སུ་ཡི་རང་དང་། བཀའ་དྲིན་དྲན་ཚོར་དཔག་ཏུ་མེད་པའི་སྒོ་ནས་ཐུགས་རྗེ་ཆེ་ཞུ་ དང་འབྲེལ་མ་འོངས་པར་ཡང་དེ་ལྟར་རྒྱུན་ཆད་མེད་པ་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་བ་ལགས་སོ།

ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེར་འབོད་པས་སྤྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ཉིན་ཕུལ།